Tip:
Highlight text to annotate it
X
ང་རང་ནི་མཐོ་བོད་ཀྱི་བཙུན་པ་ཆུང་ཆུང་ཞིག་ཡིན།
ཐོབ་ཐང་གོ་གནས་དང་།
ན་པོ་མཚན་སྙན་གྲགས་དེ་བས་གང་ཡང་མེད།
འོན་ཀྱང་རྒྱ་ཡིག་སྦྱང་རྒྱུར་དགའ་བ་མ་ཟད།
རྒྱལ་སྤྱིའི་དམངས་ཁྲོད་ཀྱི་སློབ་གྲྭའི་འཚོ་བར་དེ་བས་དགའ་མོས་ཅན་ཞིག་ཡིན།
ང་རང་ཆུང་བྱིས་པའི་བློ་རིག་བཀྲ་བའི་ལང་ཚོ་ཡོད་ཚད་ནི།
ས་མཐོའི་བོད་ལྗོངས་སུ་ས་ཆུ་གཙང་ཞིང་དྭངས་གཙང་གི་མཁའ་རླུང་སོས་པའི་ཡུལ་ལྗོངས་དེར།
འཁོས་ཆུང་རི་གྲོང་གི་འཚོ་བར་ཁོ་ནར་རོལ་མྱོང་བའི་བཙུན་པ་ཞིག་ཡིན།
ང་རང་ལ་བལྟོས་ན།
ཚན་རྩལ་དར་རྒྱས་དང་།
གྲོང་འཁྱེར་མི་དམངས་ཀྱི་འཚོ་བའི་འདུ་འཕྲོད།
གྲོང་འཁྱེར་ནང་གི་མཐོ་བརྩེགས་ཅན་གྱི་ཁང་བཟང་།
གནམ་སའི་བར་དུ་དྲངས་པའི་ཀྱག་ཀྱོག་གྱི་ལམ་བུ།
དེ་བས་བར་གནམ་ཐོངས་སུ་བྱ་ལྟར་འཕུར་བའི་གནམ་གྲུ་དང་མཁའ་གྲུར་ཡིད་འོང་མཛེས་མས་སྟེགས་པའི་གནམ་ཟས།
ལྷག་པར་རྒྱལ་སྤྱིའི་སྟེང་གི་སྣེ་མང་ཤེས་བྱའི་ལྟེ་གནས་མེ་ཏོག་གི་ལྡུམ་རྭ་ལྟ་བུའི་མཐོ་སློབ་ཁག་ལ་ངོ་མཚར་དང་ཡིད་སྨོན་ཤོར་མྱོང་བ་ཐེངས་རེ་ཙམ་ག་ལ་ཡིན།
ད་རེས་ང་རང་གི་ཡུན་རིང་རེ་སྒུག་བྱས་པའི་སྨོན་འདུན་མངོན་དུ་གྱུར་སྟེ།
ཐའེ་ཝན་དུ་རྒྱ་ཡིག་སྦྱོང་རྒྱུའི་གོ་སྐབས་ཐོབ།
འོན་ཀྱང་ཡིད་འོང་ཁང་བཟང་གི་ཐོག་ཁར་འཛེགས་པར་སྐས་འཛེགས་ཀྱི་རིམ་པ་རྟེན་དགོས་པ་བཞིན།
ཐོག་མར་ངས་
༼རྒྱ་རིགས་སྐད་ཡིག་རིག་གཞུང་ཚོགས་པ༽
ཞེས་པའི་མིང་བྱང་ཅན་གྱི་སློབ་གླིང་དུ་རྒྱ་ཡིག་སློབ་པར་བསྐྱོད་འགོ་ཚུགས།
ང་ཚོའི་སློབ་གྲྭ་ནི།
རྒྱལ་སྤྱི་དང་ཐའེ་ཝན་ལུང་པ་སྤྱི་ཡོངས་ནས་བཤད་ན།
ཧ་ཅང་མཚན་སྙན་ཆེ་བའི་མཐོ་སློབ་ཞིག་མ་ཡིན་ཡང་།
ང་རང་སྒེར་གྱི་ངོས་ནས་བཤད་ན།
སྣེ་མང་ཤེས་བྱའི་སློབ་ཚན་གྱི་ཕྱུག་པའི་ལྟ་ན་སྡུག་པའི་མེ་ཏོག་གི་ལྡུམ་རྭ་ཞིག་དང་གཉིས་སུ་མེད་དེ།
དེ་ན། སྣེ་མང་གི་མེ་ཏོག་བཞད་ལ། ཟིལ་མངར་གྱི་རོ་བཅུད་ཡོད།
དེ་ན། ཕྱོགས་བཅུའི་བུང་བ་འདུ་ལ། གསུང་སྙན་འཕུར་ལྡིང་གི་གཤོག་སྒྲ་ཡོད།
དེ་ན། མི་ཡུལ་ཤེས་བྱའི་སློབ་ཚན་ཡོད་ལ། སེམས་བཟང་སློབ་ཁྲིད་ཀྱི་དགེ་རྒན་ཡོད།
དེ་ན། རྒྱལ་ཕྱི་ནང་གི་སློབ་ཚོགས་འདུ་ལ། སྣ་མང་བློ་གྲོས་ཀྱི་གླེང་སྟེགས་ཡོད།
དེ་ན། ཤེས་རིག་གི་དགའ་ཚལ་ཡོད་ལ། ཕུག་འདུན་འོད་སྟོང་གི་ལམ་བུ་ཡོད།
དེ་ན། ཡིད་འོང་བཀོད་མཛེས་ཀྱི་སློབ་ཁང་ཡོད་ལ། བདེ་སྐྱིད་སྤྲོ་སྣང་གི་འཚོ་བ་ཡོད།
ངའི་རྒན་ལགས་མཚན་ལ་རྒན་ལིའི་ལགས་ཟེར་ཞིང་།
ངའི་རྒན་ལགས་མཚན་ལ་རྒན་ལིའི་ལགས་ཟེར་ཞིང་།
ཁོང་མོའི་གཟུགས་བྱད་ལ་མཚོན་ན།
གཞོན་ནུའི་ཡིད་འོང་མཛེས་མའི་ལང་ཚོ་མེད་ལ།
སྐུ་གཟུགས་ཀྱང་མི་ཆེ་མི་ཆུང་ཞིང་།
གཞོན་ནུ་མ་ཞིག་གི་ངོས་ནས་བཤད་ན།
བུད་མེད་སྤྱི་མཚུངས་ཙམ་ལས་ཕོ་གསར་གཞོན་ནུ་ཞིག་གི་ཡིད་དབང་ཕྲོགས་ཐུབ་པའི་དམིགས་བསལ་གྱི་མཛངས་མའི་ཡོན་ཏན་ཅི་ཡང་མེད་པའི་བུ་མེད་དཀྱུས་མ་ཞིག་རེད།
འོན་ཀྱང་ཁོང་ལ་ལྷན་སྐྱེས་ཀྱི་ལེགས་ཆ་ཞིག་ཡོད་པ་ནི།
སེམས་བཟང་ལ་ཤེས་བརྒྱུད་འཇམ་ཞིང་ཤིན་ཏུ་ངང་རྒྱུ་རིང་བའི་བུད་མེད་ཀྱི་དགེ་རྒན་བཟང་པོ་ཞིག་རེད།
གཞན་ཡང་དགེ་རྒན་ལགས་ཁོང་།
གཞོན་ནུ་མ་གཞི་ཡི་ངོས་ནས་བཤད་ན།
སློབ་ཁྲིད་ཀྱི་ཉམས་མྱོང་ཟབ་ལ།
སློབ་མར་ཉོབ་སྣང་དང་སུན་སྣང་གཏན་ནས་མི་མཛད་ཅིང་།
རང་ཉིད་ཀྱི་འགན་ཁྲིའི་ལས་ལ་སྡུག་བསྲན་དང་བརྩོན་གྲུས་ལྡན་པ་ཞིག་ཀྱང་རེད།
ངའི་འཛིན་གྲྭའི་སློབ་གྲོགས་ཚོ་ནི།
ཨ་རི་དང་།
ཉིན་ཧོང་དང།
ཧན་གོ ཨིན་ནི།
ཡོན་ནཱ།
བོད་སོགས་རྒྱལ་ཁབ་མང་པོའི་ནས་ཡོང་བའི་མི་རིགས་མི་གཅིག་པ་ཤ་དག་འཛོམས་ཡོད།
འོན་ཀྱང་སློབ་གྲོགས་ཐམས་ཅད་ཀྱི་གཅིག་མཚུངས་ཡིན་པའི་ཆ་ཞིག་ཡོད་པ་ནི།
སློབ་གྲྭ་བ་ཞེས་པའི་མིང་རྐྱང་དེ་དང་།
རྒྱ་སྐད་སྦྱོང་རྒྱུའི་དམིགས་ཡུལ་གཉིས་པོ་དེ་རེད།
འོན་ཀྱང་རྒྱ་སྐད་སྦྱངས་པའི་དགོས་པ་ནི་དེ་བས་ཁག་ཁག་ཡིན་པ་བཤད་ཅི་ལ་དགོས།
དགེ་རྒན་ལགས་གྱིས།
རྒྱ་ཡིག་སློབ་ཚན་ཁྲིད་སྐབས།
ངེད་ཚོར་ཡ་མཚན་ཅན་གྱི་འཚོ་བ་ཞིག་ངང་ཤུགས་ཀྱིས་སླེབ་བཞིན་ཡོད་པ་ནི།
ཉིན་ཧོང་སློབ་མས་ཡི་གེ་ངོ་ཤེས་ཀྱང་རྒྱ་སྐད་མི་ཤེས་པ་དང་།
ཨ་རིའི་སློབ་མས་སློབ་དེབ་ནང་དོན་ཇི་བཞིན་ཤེས་ཀྱང་།
རྒྱ་སྐད་རྒྱག་མི་ཤེས་པ་དང་རྒྱ་ཡིག་ཀློག་ཡང་མི་ཤེས་པ།
ཧན་གོའི་སློབ་མས་རྒྱ་སྐད་རྒྱག་སྐབས་རྒྱ་སྐད་གདངས་རིང་པོ་སྦྱར་སྟེ་ལབ་པ།
ཨིན་ནི་དང་ཡོན་ནཱའི་སློབ་མས་རྒྱ་སྐད་དེ།
སྣ་སྐད་དང་མཉམ་དུ་རྒྱག་པ།
བོད་ཕྲུག་ང་རང་ནི།
རྒྱ་སྐད་ཤེས་ཚད་རྒྱག་ཐུབ་པ་དང་རྒྱབ་ཚད་གོ་ཡང་།
རྙོག་འཛིང་ཅན་གྱི་རྒྱ་ཡིག་འབྲི་སྟངས་ལ་མགོ་ན་བ་དང་།
རྒྱ་ཡིག་ཕན་ཚུན་འདྲེས་ཤོར་བ་སོགས་དཀའ་ངལ་ཇི་སྙེད་ཅིག་མིག་སྔར་འཕྲད་བཞིན་འདུག
འོན་ཀྱང་ང་རང་ཆུང་དུས།
རི་གྲོང་གི་ཡིད་འོང་ལྡུམ་རྭའི་སློབ་ཁང་ཆུང་ཆུང་ནང་དུ།
ང་ཡི་བཤེས་གཉེན་དམ་པས་སློབ་མྱོང་བའི་ཚིག་ཞིག་དྲན་གསོས་པ་ནི།
རང་ལ་དགོས་པའི་ཡོན་ཏན་དེ།། ཉིན་མ་རེ་ལ་ཚིག་རེ་བཟུང་།།
གང་ཞིག་ཉིན་བརྒྱ་སོང་བ་ན།། ཚིག་བརྒྱ་མ་ལུས་ཁོང་དུ་ཆུད།།
ཅེས་ཀློང་དབྱིངས་རང་གྲོལ་གྱིས་སོ།། །། �